ཡུལ་སྐོར་ལས་རིགས་ནི་ཚོང་ལས་དོན་དུ་གཉེར་བ་གཅིག་པུ་མ་ཡིན་པར་ཡུལ་དང་ལུང་པ། སྐད་དང་ཡི་གེ ཡུལ་སྲོལ་གོམས་གཤིས་སོགས་ཁ་ཁ་སོ་སོར་ཡིན་པའི་གྲོགས་པོ་གསར་པ་ཐུགས་འཕྲད་དང་། མཛེས་ཤིང་ལྟ་ན་སྡུག་ཅིང་ཡིད་དུ་འོང་བའི་ང་ཚོའི་དྲོད་སྐྱིད་ཕུན་སུམ་ཚོགས་པའི་ཁྱིམ་གཞི་སྟེ་འཛམ་གླིང་ཧྲིལ་པོ་འདིའི་ཕྱིའི་སྣོད་ཀྱི་བཀོད་པ་དང་། ནང་བཅུད་ཀྱི་སེམས་ཅན་དེ་དག་རེ་རེ་བཞིན་རྒྱུས་ལོན་དང་། འགྲོགས་འདྲིས་སོགས་ཀྱིས་མི་ཚེ་བདེ་སྐྱིད་ཀྱི་དཔལ་ལ་རོལ་བ་དང་ཅི་བསམ་ལྷུན་འགྲུབ་ཡོང་བའི་དགེ་ཕན་བླ་ན་མེད་པ་ཡོད་པས་ངེད་བོད་ཀྱི་ཡུལ་སྐོར་སྡེ་མཚན་གྱིས་ཁྱེད་རྣམ་འཛམ་གླིང་ཡང་རྩེར་གནས་པའི་ཁ་བའི་ལྗོངས་སུ་ཕེབས་པར་བཀྲིས་བདེ་ལེགས་ཀྱིས་བསུ་བ་གྲངས་མེད་ཞུ། བོད་ཀྱི་ཡུལ་སྐོར་ནི་རིན་གོང་ཆུང་ལ་ཞབས་ཞུའི་སྤུས་ཀ་ལེགས་པའི་མཐོ་སྒང་གི་ཡུལ་སྐོར་ལས་རིགས་ཤིག་ཡིན། ངེད་ཚོས་ཁྱེད་ཀྱི་ཐུགས་འདོད་ལྟར་འཛམ་གླིང་ཡང་སྟེང་གི་མཛེས་སྡུག་ཡོད་ཚད་མིག་དབང་སྤྲོ་དགའི་དཔལ་དུ་མཆོད་ངེས་ཡིན། ངེད་བོད་ཀྱི་ཡུལ་སྐོར་གྱིས་ཁ་བ་གངས་ལྡན་གྱི་ཞིང་ནས་ཁྱེད་ལ་ཕེབས་སྒུག་ཞུ་བཞིན་ཡོད་པས་ཐུགས་རེ་མཆིས་ཚེ་ང་ཚོར་འབྲེལ་བ་གནང་རོགས་ཞུའོ།།